རྫོང་ཁ་ལའི་ནགསི་གི་ཁེ་ཕན་

  • - རྫོང་ཁ་ལའི་ནགསི་འདི་ རྒྱལ་ཁབ་ཀྱི་དགོས་མཁོ་དང་གསར་བསྐྲུན་འབད་ནིའི་རིག་རྩལ་དང་བསྟུན་ཏེ་ ལེགས་བཅོས་འབད་ནི་ལུ་དལ་དབང་ཡོད་པའི་ ག་ར་གིས་འཐོབ་ཚུགས་པའི་རང་དབང་མཉེན་ཆས་ཅིག་ཨིནམ་མ་ཚད་ ཆོག་ཐམ་གྱི་འཐུས་ཚུ་ཡང་སྤྲོད་མི་དགོཔ་ཨིན།
  • - འདི་གིས་སྐད་ཡིག་གི་རྒྱ་སྟབས་མ་བདེཝ་བྱུང་ཡོད་བྱུང་ཡོད་མི་ མི་ཆེ་འབྲིང་ཆུང་གསུམ་ག་ར་ལུ་ བརྡ་དོན་འཕྲུལ་རིག་གི་ཁེ་ཕན་ཚུ་ལེགས་ཤོམ་འབད་སྤྱོད་ནི་ལུ་ གྲོགས་རམ་འབད་འོང་། འདི་གིས་ གློག་ཐོག་གཞུང་དང་གློག་ཐོག་གཞུང་སྐྱོང་གིས་ དམིགས་བསལ་གྱི་གྲོང་གཡུས་ཚུ་ནང་སྡོད་མི་ མི་སྡེ་ཚུ་གི་དོན་ལུ་འགོ་འདྲེན་འཐབ་མི་དེ་ལུ་ བརྡ་དོན་དང་ཞབས་ཏོག་དར་ཁྱབ་བཏང་ནི་ལུ་ཕན་ཐོག་སྦོམ་འབྱུངམ་ཨིན།
  • - རྫོང་ཁ་ལའི་ནགསི་འདི་གིས་ རྒྱལ་ཡོངས་སྐད་ཡིག་རྫོང་ཁ་འདི་ རྒྱལ་ཁབ་ཀྱི་ས་གནས་ག་རའི་ནང་ལུ་ཁྱབ་སྤེལ་བཏང་ནི་ལུ་ཕན་ཐོགས་འབྱུང་འོང་།
  • - འདི་གིས་ རྫོང་ཁ་གློག་རིག་ནང་བསྒྱ྄ར་ནིའི་གནས་སྟངས་འདི་ ཚད་ལྡན་བའོ་ནི་ལུ་གྲོགས་རམ་འབདཝ་མ་ཚད་ ད་ལྟོ་ལག་ལེན་འཐབ་པའི་བསྒང་ཡོད་མི་ མཐུན་སྒྲིག་འབད་མ་བཏུབ་པའི་ སྔོན་ཤུལ་ཡིག་གཟུགས་འདི་ཚུ་ རྩ་མེད་འགྱོ་བཏུབ་འབད་བཟོ་ནི་ལུ་ཡང་གྲོགས་རམ་འབད་འོང་།

རྫོང་ཁ་ལའི་ནགསི་གི་དམིགས་ཡུལ་

  • - གཡུས་སྐད་འཕྲུལ་རིག་ནངལས་འབད་ ཞིབ་འཚོལ་དང་གོང་འཕེལ་གྱི་དོན་ལུ་ འབྲུག་རྒྱལ་ཁབ་ནང་ལུ་ཡུན་བརྟན་འབད་བཞག་ཚུགས་པའི་མི་སྟོབས་ཀྱི་ལྕོགས་གྲུབ་ གོང་འཕེལ་བཏང་ནིའི་དོན་ལུ་ཨིན། རྫོང་ཁ་ལུ་རྒྱབ་སྐྱོར་འབད་ནིའི་དོན་ལུ་ ད་ལྟོ་ཡོད་པའི་འཕྲུལ་རིག་གོང་སྤེལ་བཏང་དགོཔ་ཡེོདཔ་ལས་ འདི་གི་དོན་ལུ་མི་སྟོབས་ཐབས་རིག་ཅན་བཟོ་ཐབས་ལུ་ འབྲུག་མི་ཚུ་ལྕོགས་གྲུབ་ཅན་བཟོ་དགོཔ་འདུག།
  • - རྫོང་ཁའི་དོན་ལུ་ འཕྲུལ་རིག་གི་རྒྱབ་སྐྱོར་ཚུ་མཉམ་སྡེབ་འབད་ནིའི་དོན་ལུ་ཨིན། རྫོང་ཁའི་འབྲི་ལུགས་འདི་མགུ་རྙོགས་དྲགས་ཡོད་ནི་འདི་གིས་ གློག་རིག་ནང་བསྒྱ྄ར་བའི་སྐབས་ལུ་ ཨིང་སྐད་དང་འཕྱདཔ་ད་ ལེ་ཤ་གི་མགུ་རྙོགས་དྲགས་ཡོད། ད་ལྟོ་ཡོད་མི་འཕྲུལ་རིག་འདི་ཧེ་མ་ལས་རང་ ཨིང་སྐད་རྒྱབ་སྐྱོར་འབད་ནིའི་དོན་ལུ་བཟོ་བཟོཝ་འབད་ནི་འདི་གིས་ རྫོང་ཁའི་ནང་དགོས་མཁོ་ཡོད་མི་ཚུ་ཧྲིལ་བུ་སྦེ་ རྒྱབ་སྐྱོར་འབད་མ་ཚུགས་དོ་ཡོདཔ་ལས་ གོང་འཕེལ་བཏང་དགོཔ་ཡོད།
  • - གཡུས་སྐད་ཀྱི་དཀའ་ངལ་བྱུང་ཡོད་མི་ཚུ་གི་དོན་ལུ་ སྲིད་བྱུས་ཡར་བསྐྱོད་འབད་ནི་གི་ཐབས་ཤེས་བཏོན་ནི་དང་ འབྲེལ་བ་ཡོད་པའི་ས་གནས་ཀྱི་ནང་དོན་ཚུ་གི་གོ་སྐབས་དང་པར་འགྲེམས་ དང་འབྲེལ་བའི་དཀའ་ངལ་ཚུ་སེལ་ཐབས་ལུ་ ཕན་ནུས་ཅན་གྱི་སྲིད་བྱུའི་གཞི་བཀོད་ཚུ་ལུ་ བརྡ་དོན་འཕྲུལ་རིག་གི་ཐོག་ལས་རྒྱབ་སྣོན་ངོ་སྦྱོར་འབད་ནི་དང་ དེ་ལས་ ཡུན་རིང་ཐུང་གི་ཐབས་ཤེས་ཚུ་བཏོན་ནི་གི་དོན་ལུ་ཨིན།
  • - མའི་ཀོརོ་སོཕཊི་ ཝིན་ཌོ་བཟུམ་འབད་ བདག་དབང་ཡོད་པའི་མཉེན་ཆས་ལུ་ ཐབས་གཞན་འབྱིན་ནིའི་དོན་ལུ་ཨིན།
  • - ལས་འགུལ་འདི་གི་དམིགས་ཡུལ་ངོ་མ་འདི་རང་ གནས་རིམ་ག་རའི་ནང་ལུ་ རྫོང་ཁའི་སྐད་ཡིག་རྒྱབ་སྐྱོར་འབད་མི་ ལའི་ནགསི་བགོ་བཀྲམ་ཅིག་ གསར་བསྐྲུན་འབད་ནིའི་དོན་ལུ་ཨིན།


ལི་ནགསི་བཀོལ་སྤྱོད་རིམ་ལུགས་ནང་ རྫོང་ཁ་ཡུལ་མཐུན་བཟོ་ནི་

རྫོང་ཁ་ཡུལ་མཐུན་བཟོ་ནིའི་ལས་འགུལ་གྱི་ གཞུང་འབྲེལ་ཁྱིམ་གྱི་ཤོག་ལེབ་ལུ་བྱོན་པ་ལེགས་སོ། ལས་འགུལ་དེའི་དམིགས་གཏད་འདི་ ཨིང་ལིཤ་ལྷག་མ་ཚུགས་མི་ འབྲུག་མི་ཚུ་ལུ་ བརྡ་དོན་འཕྲུལ་རིག་གི་ ཁེ་ཕན་ བྱིན་ནིའི་བརྩོན་ཤུགས་བསྐྱེད་དེ་ རྫོང་ཁ་་གློག་རིག་ནང་བཙུགས་ནི་ལྕོགས་ཅན་བཟོ་ནིའི་དོན་ལས་ རྫོང་ཁའི་ཡིག་ཚུགས་འདི་ ལི་ནགསི་བཀོལ་སྤྱོད་རིམ་ལུགས་དེ་ནང་ལུ་ གཅིག་ཁར་སྡེབ་ནི་འདི་ཨིན། འ་ནི་ལས་འགུལ་འདི་ འབྲུག་མི་ཚུ་གི་ཁྱབ་ཚད་རྒྱ་ཆེ་དྲག་ཅིག་ལུ་ འཕྲུལ་རིག་གི་འཛུལ་སྤྱོད་འདི་ གོང་སྤེལ་གཏང་ནི་གི་ མནོ་ལུགས་དང་གཅིག་ཁར་ ཁས་ལེན་འབད་ཡོདཔ་ཨིན།

རྫོང་ཁ་ རེ་ཅིག་སྐབས་འབྲུགཔ་ཟེར་སླབ་མི་འདི་ འབྲུག་རྒྱལ་ཁབ་ཀྱི་ རྒྱལ་ཡོངས་སྐད་ཡིག་ཨིན། རྫོང་ཁ་འདི་ བོད་སྐད་(\x0F00 - \x0FCF)འདི་འབྲི་ནིའི་དོན་ལས་ ལག་ལེན་འཐབ་མི་ ཡིག་ཚུགས་གཅིག་པའི་ ཡི་གུ་འདི་ཚུ་ལག་ལེན་འཐབ་ཐོག་བྲིས་ཡོདཔ་ཨིན།

ལི་ནགསི་བཀོལ་སྤྱོད་རིམ་ལུགས་དེ་ནང་ རྫོང་ཁའི་སྐད་ཡིག་རྒྱབ་སྐྱོར་ གཅིག་ཁར་སྡེབ་ནིའི་ལཱ་འདི་ རྫོང་ཁག་གོང་འཕེལ་ལྷན་ཚོགས་ (ཌི་ཌི་སི)ལས་སྐད་ཡིག་གི་ རྒྱབ་སྐྱོར་དང་གཅིག་ཁར་ བརྡ་དོན་འཕྲུལ་རིག་ལས་ཁུངས་ (ཌི་ཨའི་ཊི་) བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་ (ཨེམ་ཨོ་ཨའི་སི་) འབྲུག་གཞུང་ གིས་འབད་ཡི།

འ་ནི་ལས་འགུལ་འདི་ གློག་རིག་དང་མངོན་དུ་འགྱུར་བའི་ཚན་རིག་ཚུ་གི་རྒྱལ་ཡོངས་གཙུག་ལག་སློབ་ཁང་ པ་ཀིསི་ཏཱན་བརྒྱུད་དེ་ བདག་སྐྱོང་འབད་ཡོད་མི་ རྒྱལ་སྤྱི་གོང་འཕེལ་ཞིབ་འཇུག་ལྟེ་བ་ (ཨའི་ཌི་ཨར་སི་)གིས་གྲོགས་རམ་འབད་ཡོད་མི་ པེན་ཡུལ་མཐུན་བཟོ་ནིའི་ལས་འགུལ་ (www.PANL10n.net) བརྒྱུད་དེ་རྒྱབ་སྐྱོར་འབད་ཡོདཔ་ཨིན།